中文
ཧྲུའུ་ཅི་རྒན་པ་ཞིག་གི་ཕྱུག་སྒྱུར་ཕུགས་འདུན།
2017-05-19  

       ལོ་ན་64ལོན་པའི་ཧུའུ་ཧྥུ་རུང་གིས་ཉིན་བཞིན་གཟི་རྩ་སྡེ་དགུ་རྫོང་ཀུའོ་ཡོན་ཡུལ་ཚོའི་ཀོའུ་ལི་སྡེ་བ་དང་རྫོང་མཁར་བར་དུ་འགྲོ་འོང་བྱེད་བཞིན་ཡོད། སྤྱི་ལེ་24ཡོད་པའི་ལམ་ཐག་གིས་ཁོའི་འགྱུར་བ་མེད་པའི་ཕྱུག་སྒྱུར་གྱི་ཕུགས་འདུན་ལ་འགྲེལ་བ་རྒྱག་གིན་འདུག
       ཧུའུ་ཧྥུ་རུང་གིས་སྔ་གཞུག་ཏུ་ཀོའུ་ལི་སྡེ་བའི་སྡེ་དཔོན་དང་གྲོང་སྡེའི་ཧྲུའུ་ཅིའི་འགན་ལོ་ངོ་15ལ་འཁུར་མྱོང་། སྡེ་མི་རྣམས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ཁོ་ལ་ཧྲུའུ་ཅི་རྒན་པ་ཞེས་འབོད། 2013ལོར་ངལ་གསོས་རྗེས། ཁོ་དང་བཟའ་ཟླས་རང་ཁྱིམ་གྱི་མུའུ་3ཅན་གྱི་སྲེའུ་མངར་གླིང་དང་མུའུ་30ལྷག་གི་སྨན་རྩྭའི་རྟེན་གཞི་བདག་གཉེར་བྱེད་བཞིན་ཡོད། བུ་དང་མནའ་མས་ཕྱི་རོལ་དུ་ལས་གླ་བྱེད་བཞིན་ཡོད། བཟའ་མི་ལྔ་ཅན་གྱི་ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་ཙམ་ཡིན།
       གཞིས་ནིང་ལོར། ངའི་བཟའ་ཟླས་སྲེའུ་མངར་འཐུ་སྐབས་སྡོང་མགོ་ནས་ལྷུང་སྟེ་མཚེར་བ་གད་ནས་གཅོད་དགོས་བྱུང་། ན་ནིང་། མོ་ལ་མཆིན་པ་སྲ་འགྱུར་ནད་དང་གཅིན་སྙི་ཟ་ཁུ། ཁྲག་འཁྲུགས་ཀྱི་ནད་བཅས་ཡོད་པ་ཤེས། ལོ་གཉིས་རིང་སྨན་ཡོན་ལ་སྒོར་ཁྲི་བཅུ་ལྷག་སོང་ཡོད་ཅེས་བཤད། ཧུའུ་ཧྥུ་རུང་གི་འཚོ་བ་མ་གཞི་ངན་ངོན་ཞིག་ཡིན་ལ། དེའི་ཁར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དང་ནད་ཀྱིས་ཡོངས་སུ་དཀྲུགས་སོང་།

       བཟའ་ཟླའི་ནད་ལེགས་པོར་བཅོས་ཆེད། ཧུའུ་ཧྥུ་རུང་གིས་རྫོང་མཁར་གྱི་ཉེ་འགྲམ་ནས་ཁང་བ་ཞིག་གླས་ཤིང་། ཉིན་བཞིན་བཟའ་ཟླར་རོགས་ནས་སྨན་ཁང་ནས་གནམ་ཁབ་རྒྱག་བཞིན་ཡོད། དེ་ནས་བཟའ་ཟླ་གླས་པའི་སྡོད་ཁང་དུ་བསྐྱལ་རྗེས། ཁོ་སླར་ཡང་ཀོའུ་ལི་གྲོང་སྡེར་ལོག་ནས་ཤིང་ཏོག་གླིང་དང་སྨན་རྩྭ་རྟེན་གཞི་བདག་གཉེར་བྱེད་པ་རེད།

       ན་ནིང་། སྲིད་གཞུང་གིས་ངའི་བཟའ་ཟླའི་མ་མཐའི་འཚོ་རྟེན་འགན་བླངས་ཡོད། ངས་གྲོང་སྡེའི་ལས་བྱེད་པའི་འགན་ཁུར་མྱོང་བས་ཟླ་རེར་གསབ་དངུལ་ཡང་ཡོད། ལོ་ཧྲིལ་བོར་ངེད་ཚང་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་སྒོར་7000ལྷག་ཡོད། སྲིད་ཇུས་དེ་འདྲ་བཟང་བོ་ཡོད་པས་ང་ཚོ་ལྟག་འཐེན་མི་རུང་བར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕྱུག་པོར་སྒྱུར་དགོས་ཞེས་ཧུའུ་ཧྥུ་རུང་གིས་བཤད། ན་ནིང་། བཟའ་ཟླ་ལ་ལྟ་རྟོག་བྱེད་པར་བྲེལ་བས་ཁྱིམ་གྱི་ཞིང་ལས་ལ་ལྟ་ཁོམ་ཅང་མ་བྱུང་བས། མ་གཞི་སྒོར་ཁྲི་གཅིག་ལྷག་གི་ཡོང་འབབ་ཡོད་པའི་སྲེའུ་མངར་གྱིས་སྒོར་སྟོང་གསུམ་ལས་མ་ཁུག ཀླུ་བདུད་རྡོ་རྗེས་ཀྱང་སྒོར་ཁྲི་གཅིག་ཙམ་ལས་མ་ཁུག ད་ལོར། ངས་ཞིང་ལས་ནར་འགྱངས་སུ་གཏན་ནས་གཏོང་མི་རུང་ཞེས་ཧུའུ་ཧྥུ་རུང་གིས་བཤད།
 

       ན་ནིང་། ཧུའུ་ཧྥུ་རུང་གིས་མུའུ་1ལྷག་ལ་རྩི་ཤིང་ཀྲུའུ་ལིན་དང་མུའུ་8ཙམ་ལ་ཀླུ་བདུད་རྡོ་རྗེ་བཏབ། ཀྲུའུ་ལིན་ཐོན་ཚད་ཤིན་ཏུ་བཟང་སྟེ་རྒྱ་མ་གཅིག་བཏབ་ན་རྒྱ་མ་ལྔ་དྲུག་རེ་ཐོན་ཐུབ། ཡིན་ནའང་། ལོ་འདི་གར་ཀྲུའུ་ལིན་གྱི་རིན་གོང་མི་བཟང་བས་ཞིང་ནང་དུ་སྤུངས་འདུག  ཀླུ་བདུད་རྡོ་རྗེ་ལ་ལོ་གསུམ་གྱི་རྗེས་སུ་ཕན་འབྲས་ཐོན་ཐུབ། ཀླུ་བདུད་རྡོ་རྗེ་རྒྱ་མ་རེས་སྒོར་10ལྷག་ཁུག ས་ཞིང་མུའུ་གཅིག་ལ་སྒོར་ཁྲི་ཙམ་གྱི་ཡོང་འབབ་ཡོད། ངེད་ཚང་གིས་གཞིས་ནིང་ཀླུ་བདུད་རྡོ་རྗེ་མ་བཏབ་པས་ད་ལོར་རྐོ་རྒྱུ་མེད། སང་ལོར། ངེད་ཚང་གི་ཀླུ་བདུད་རྡོ་རྗེ་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་ཡོད་ངེས་ཞེས་བཤད། ཧྲུའུ་ཅི་རྒན་པ་ལ་འཁང་ར་དང་སྡུག་བཤད་ཅི་ཡང་མེད་པར། བློ་སེམས་རྩེ་གཅིག་གིས་སྔ་མོ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་འདོད་འཆང་འདུག

      ད་ལོར། ཧྲུའུ་ཅི་རྒན་པ་ཚང་གི་སྨན་རྩྭ་རྟེན་གཞི་ལ་ཞིབ་བཤེར་རྩིས་ལེན་བྱས་རྗེས། སྲིད་གཞུང་གིས་མི་རེར་སྒོར་3500ཡི་ཐོན་ལས་རོགས་སྐྱོར་གྲོན་དངུལ་སྟེར་རྒྱུ་རེད། ཁྱིམ་ཚང་རེར་སྒོར་3000གི་ཐོན་ལས་འཕེལ་རྒྱས་རེས་འཁོར་གྲོན་དངུལ་ཡོད། ཀོའུ་ལི་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལིའུ་ལུའུ་ཝ་ཡིས་བཤད་དོན། ཧུའུ་ཧྥུ་རུང་གིས་སྔོན་ཆད་གྲོང་སྡེའི་མང་ཚོགས་ཁྲིད་ནས་ཐོན་ལས་གོང་དུ་སྤེལ་ནས་ཕྱུག་པོར་བསྒྱུར་བ་རེད། དེང་སང་། ཁོ་ཚང་ལ་ནད་ཀྱི་དབང་གིས་དབུལ་བས་གྲོང་སྡེས་ཁོ་རང་སྣང་མེད་དུ་གཏན་ནས་འཇོག་མི་རུང་།
      ད་ལོར། ངས་སྲེའུ་དམར་སྡོང་བོར་དོ་དམ་ལེགས་པོ་བྱས་ཏེ། ཡོང་འབབ་ལ་སྒོར་ཁྲི་གཅིག་ལྷག་ཡོད་ངེས། ཀྲུའུ་ལིན་གྱི་རིན་གོང་བཟང་ན་ངས་བརྐོས་ནས་བཙོང་རྒྱུ་ཡིན། དེའི་ཁར་སྲིད་གཞུང་རང་བཞིན་གྱི་ཡོང་འབབ་ཀྱང་ཡོད་པས། ད་ལོར་ངེད་ཚང་དབུལ་ཕོངས་ལས་བྲལ་བར་དཀའ་ངལ་མེད་ཅེས་ཧུའུ་ཧྥུ་རུང་གིས་བཤད་ཞོར་དབུལ་ཕོངས་ཀྱི་ཞྭ་མོ་འབུད་པར་ཡིད་ཆེས་ཀྱིས་ཁེངས་འདུག